འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །
ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །
ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲ་བའི་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །
ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་།མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །