རིགས་ཀྱི་བུ་ ཁྱོད་འདོད་པ་དེ་རང་མ་ཆེ་བར་འདི་ནས་ཉི་མ་ལྷོའི་ཕྱོགས་སུ་སོང་ལ་
ལྷོ་མོན་གུ་རུའི་སྐུ་རྗེས་ནས་ཤར་ཕྱོགས་སྐར་མ་སྨིན་དྲུག་འཆར་བའི་ཐད་ཀར་སྒྲུབ་གནས་བཟུང་ན་
འགྲོ་དོན་རྒྱ་ཆེ་བར་ཡོང་བས་དགོན་པའི་མིང་ཡང་བྱང་ཆུབ་དཔལ་རིར་ཐོགས་ཅིག— ལྷ་ས་ཇོ་བོ་བས
བུམ་ཐང་པད་ཚལ་གླིང་བྱང་ཆུབ་དཔལ་རི་དགོན་སྡེ།
གྲུབ་པའི་དབང་ཕྱུག་ཆེན་པོ་རྣམ་རྒྱལ་ལྷུན་གྲུབ་ལྷ་ས་ཇོ་བོའི་སྐུ་མདུན་ལུ་ བྱང་ཆུབ་སེམས་དཔའ་འཇམ་དཔལ་དཔའ་བོ་དང་ ཀུན་ཏུ་བཟང་པོ་བཟུམ་སྦེ་ མ་ལུས་འགྲོ་བ་ཀུན་གྱི་དོན་ལུ་ བྱང་ཆུབ་ སེམས་དཔའི་སྨོན་ལམ་གྱི་ཞིང་ཡོངས་སུ་སྦྱོང་བའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ འབུམ་ཐེར་བཏོན་པའི་དམ་བཅའ་བཞེས་ཏེ་ཐོནམ་ད་ ཇོ་བོ་རིན་པོ་ཆེའི་ཞལ་ལས།

རིགས་ཀྱི་བུ་
ཁྱོད་འདོད་པ་དེ་རང་མ་ཆེ་བར་
འདི་ནས་ཉི་མ་ལྷོའི་ཕྱོགས་སུ་སོང་ལ་
ལྷོ་མོན་གུ་རུའི་སྐུ་རྗེས་ནས་ཤར་ཕྱོགས་
སྐར་མ་སྨིན་དྲུག་འཆར་བའི་ཐད་ཀར་སྒྲུབ་གནས་བཟུང་ན་
འགྲོ་དོན་རྒྱ་ཆེ་བར་ཡོང་བས་
དགོན་པའི་མིང་ཡང་བྱང་ཆུབ་དཔལ་རིར་ཐོགས་ཅིག་
ཟེར་བའི་ལུང་བསྟན་དངོས་སུ་ ཐོབ་ནུག།
དེ་བཟུམ་མའི་ལུང་གིས་ཟིན་པའི་དབེན་པའི་གནས་མཆོག་འདི་ནི་ སངས་རྒྱས་གཉིས་པ་ཨྱོན་པདྨ་ འབྱུང་གནས་ཀྱི་སྐུ་རྗེས་གནས་ཀྱི་ ཤར་ཕྱོགས་སྐར་མ་སྨིན་དྲུག་ཤར་སའི་འོག་ལུ་ ལྷུན་སྟུག་ ནགས་ཀྱི་རི་བོའི་གསེབ་ན་ ཤིང་ལྗོན་པའི་འཁྲི་ཤིང་སྣ་ཚོགས་པའི་ཡལ་འདབ་ཀྱིས་ གནས་ འདིར་འོང་བ་ལེགས་སོའི་གུས་ཞབས་ཞུ་བ་དང་ རང་བཞིན་ལྷན་སྐྱེས་མེ་ཏོག་གི་རིགས་མང་པོ་ དང་ ལྷག་པར་དུ་ མེ་ཏོག་སྡོང་སྡོང་ལ་དབྱར་དགུན་མེད་པར་བཞད་པས་ རྒྱུན་མ་ཆད་པའི་མེ་ ཏོག་གི་མཆོད་སྤྲིན་དང་ དྲི་བཟང་ལྡན་པའི་བསང་གི་ཤིང་དང་སྔོ་སྨན་གྱི་རིགས་མང་དུ་སྐྱེ་ཞིང་ དེ་དག་གི་གསེབ་རྣམས་སུ་ སྤང་ལྗོངས་ནེའུ་གསིང་གིས་བརྒྱན་པའི་ཚལ་རྣམས་ནས་ བྱ་ཁུ་བྱུག་ དང་ རི་སྐེགས་དང་ འཇོལ་མོ་ལ་སོགས་པའི་བྱ་བྱིའུ་ཚུ་གིས་ སྐད་དབྱངས་སྙན་པོས་དབེན་པའི་ ཡོན་ཏན་ ཡོངས་སུ་སྒྲོག་ཅིང་བསྟོད་པའི་ཚུལ་དུ་ཡོད།
དེ་ལས་ཐག་རིང་བའི་ས་ནས་ ཕྱོགས་ཀྱི་རི་བོའི་མགུལ་རྣམས་སུ་བཤད་སྒྲུབ་བསྟན་པའི་རྩ་ལག་ དགེ་འདུན་འདུས་པའི་སྡེ་དང་ སྒྲུབ་སྡེ་ ཆོས་མཛད་ཕོ་མོའི་དགོན་ནས་བགྲང་དུ་མ་འཚལ་བ་ བྱིན་ཆགས་སུ་བཞུགས། དེ་ལས་ ཐག་རིང་སར་ཤེལ་གྱི་མཆོད་རྟེན་ལྟ་བུའི་གངས་རིའི་འཕྲེང་བ་ དང་ ནགས་ཤིང་འཐིབ་པོས་ལྷུན་སྡུག་གཟི་བརྗིད་ཆེ་བའི་ནགས་རི་དང་ གཡུ་ཡི་མནྜལ་བཀོད་པའི་སྤང་གཤོང་ཚུ་གིས་ཡོངས་སུ་བསྐོར་བ་དང༌། བར་སྣང་གི་ལམ་ནས་གཅིག་ཏུ་མི་གནས་པའི་ ཆུ་འཛིན་གྱི་འཕྲེང་བའི་རྣམ་པ་མང་པོ་ དུས་དང་དུས་སུ་འཕོ་ཞིང་རྒྱུ་བའི་བར་གསེབ་ནས་ ལྷ་བྱ་ ཁྲུང་ཁྲུང་གི་ལྡིང་བསྐོར་དང་ གླུ་དབྱངས་སྙན་པར་བསྒྱུར་བས་ འཁོར་བ་ལས་ངེས་པར་བྱུང་བའི་ སྐྱོ་ཤས་ཀྱི་བསྐུལ་མ་བྱེད། མདུན་ནས་བྱམས་པ་ལྷ་ཁང་དང་སྐུ་རྗེས་ རྩེ་ལུང་བཅས་གསུམ་ལུ་ བུམ་ཐང་གི་ཆོས་འཁོར་རྣམ་གསུམ་ཞེས་ཡོངས་སུ་གྲགས་པའི་གཙུག་ལག་ཁང་གིས་གཙོས་པའི་ ཆོས་སྡེ་རྣམ་པ་མང་པོ་དང༌། དགེ་བཅུའི་དཔལ་དང་སྡེ་བཞི་འདོད་རྒུར་སྤུངས་པའི་ རྒྱལ་པོའི་ཕོ་ བྲང་དང་བློན་པོའི་བཞུགས་ས། སྦྱིན་བདག་གི་གྲོང་སྡེ་སྐར་ཚོགས་གཅལ་དུ་བཀྲམ་པ་ལྟ་བུའི་གྲོང་ ཁྱེར་གྱི་དཀྱིལ་ནས་ ལྕམ་མཁར་ཆུ་མོས་རྒྱུན་མ་ཆད་པའི་མཆོད་ཡོན་ཕུལ་བར་མཚོན་པའི་ དབེན་ པའི་རི་ཁྲོད་དགོན་གནས་ཀྱི་ཡོན་ཏན་མ་ལུས་པས་ཡོངས་སུ་བརྒྱན་ཏེ་ཡོད།
དེ་བཟུམ་མའི་ས་པྲ་ཕུན་སུམ་ཚོགས་ཤིང་ ཞི་རྒྱས་དབང་དྲག་གི་ལས་བཞི་ལྷུན་གྱིས་གྲུབ་པའི་ རྟེན་འབྲེལ་མཆོག་ཏུ་དགེ་བའི་རི་མགུལ་ ཛམྦྷ་ལ་དཀྱིལ་དཀྲུང་བཞུགས་པ་ལྟ་བུའི་ཕྱག་མཉམ་ བཞག་རང་བྱུང་གི་སྟེང་དུ་ སྒྲུབ་པའི་བསྟི་གནས་བྱང་ཆུབ་དཔལ་རིའི་གདན་ས་འདི་ཉིད་ ནོར་བུ་ སྤུངས་པ་ལྟ་བུའི་ཚུལ་དུ་ཆགས་ཏེ་ཡོད་མི་འདི་ རྒྱལ་ས་ཐིམ་ཕུ་ལས་ཀི་ལོ་མི་ཊར་ ༢༣༠ འི་ས་ ཁར་ཡོད་པའི་ བུམ་ཐང་ཆོས་འཁོར་གྱི་ཁྲོམ་སྡེ་ལྕམ་མཁར་ནས་ འཁོར་ལམ་ཀི་ལོ་མི་ཊར་ ༡༡ གི་རྩིས་ཁ་གྱེན་དུ་བལྟ་སྟེ་འགྱོ་དགོ་པའི་ས་ཁར་ རྒྱ་མཚོའི་ཁ་ཐད་ལས་ མཐོ་ཚད་མི་ཊར་ ༣༢༥༠ འི་ས་ཁར་ཆགས་ཏེ་ཡོདཔ་ཨིན།
ས་གནས་དེ་ གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་ཀྱི་གདན་ས་མ་ཆགས་གོང་དུ་ བྱ་དཀར་རྫོང་དཔོན་ རིམ་བྱོན་གྱི་རྩྭ་འབྲོག་ནོར་གྱི་གླགས་ཨིནམ་ལས་ དེ་ནང་མེ་ཏོག་གི་རིགས་སྤྱི་དང་ ཁྱད་པར་མེ་ཏོག་སྡོང་སྡོང་ལ་དབྱར་དགུན་མེད་པར་ཤར་བ་ལས་བརྟེན་ ས་གནས་འདིའི་མིང་ཡོངས་གྲགས་ སུ་པད་ཚལ་གླིང་ཟེར་དར་ནུག། ཤུལ་མ་གྲུབ་ཐོབ་ཀྱིས་གདན་ས་བཅག་སྟེ་ གདན་སའི་མིང་ལྷ་ས་ ཇོ་བོ་གིས་གནང་བའི་བྱང་ཆུབ་དཔལ་རི་བཏགས་ཏེ་གནང་རུང་ མི་མང་གིས་ད་ལྟོ་བར་ན་གདན་ ས་འདི་ལུ་ པད་ཚལ་གླིང་དགོན་པ་དང་ གྲུབ་ཐོབ་ཀྱི་སྐུ་འཕྲེང་རིམ་བྱོན་ལུ་ པད་ཚལ་གླིང་སྤྲུལ་ སྐུ་ཞེས་ཞུ་སྲོལ་ ཡོངས་གྲགས་སུ་དར་ཁྱབ་སོང་སྟེ་ཡོད།
གདན་ས་པད་ཚལ་གླིང་དགོན་པར་གནས་མཇལ་ནི་ཡོད་མི་ཚུ་ཡང་ བྱང་ཆུབ་དཔལ་རི་དགོན་པ་ དེའི་འོག་ལུ་ ལྷོའི་ཕྱོགས་ན་ གྲུབ་ཐོབ་སྐུ་གོང་མའི་གྲུབ་ཆུ་ཕོ་མོ་གཉིས་ཡོད། དེ་ལས་ཁྲུས་དང་ བྱིན་རླབས་ཞུ་ཚད་ སྒྲིབ་པ་དག་ཅིང་ལྷག་པར་ནད་གདོན་གྱི་བར་ཆད་སེལ་ཚུགས་པ་ཡོད། ཤར་ གྱི་ཕྱོགས་ཐག་མི་རིང་བ་ཞིག་ན་ སྔོན་གྲུབ་ཐོབ་ཆེན་པོ་བྱོན་ཏེ་གདན་ས་བཅག་ནི་འབདཝ་ད་ བར་ ཆད་རྐྱབ་པར་འོང་མི་མཚོ་སྨན་མོ་ རྡོ་རང་བྱུང་དུ་གྱུར་བར་དམ་ལུ་བཏགས་ཏེ་བཞག་པའི་སྦྲུལ་གྱི་ གཟུགས་བརྙན་ཡོད། བྱང་གི་ཕྱོགས་ལུ་མཁའ་ འགྲོའི་ནུ་མ་དང་གྲུབ་ཐོབ་སྐུ་གོང་མའི་བཞུགས་ གནས་སྒྲུབ་ཕུག་དང་ ལ་རྒྱབ་ལུ་ཧེ་མ་གྲུབ་ཐོབ་ སྐུ་གོང་མ་འགོ་དང་པ་བྱོནམ་ད་ བྱ་དཀར་རྫོང་ དཔོན་གྱིས་དགོན་པའི་ས་གནས་དེ་ནང་བཞུགས་ མ་སྟེར་བར་ལ་རྒྱབ་ལུ་བྱོན་ཏེ་བཞུགས་པའི་ཤུལ་ ཚུ་མཇལ་ནི་ཡོད། ནུབ་ཀྱི་ཕྱོགས་སུ་ རྡོ་རང་བྱོན་ གྱི་དུང་དཀར་དང་ གནས་བདག་དམར་པོ་སྒོམ་ཆེན་གྱི་ཕོ་བྲང་བཅས་ཡོད་མི་ཚུ་ལུ་ ཕྱོགས་བཞིའི་གནས་ཟེར་སླབ་སྲོལ་ཡོད། དམར་པོ་སྒོམ་ཆེན་ ཟེར་མི་འདི་ ཨྱོན་གུ་རུ་རིན་པོ་ཆེའི་བཀའ་དང་དམ་ལུ་གནས་མི་ ས་ཐོབ་ཀྱི་སྐྱེས་ལྷ་ཅིག་འབད་ བརྩིཝ་ཨིན། ཁ་རྒྱུན་ལྟར་དུ་འབད་བ་ཅིན་ ཧེ་མ་དགོན་པའི་གཡག་དང་ནོར་ཚུ་ཡང་ཁོ་གིས་འཚོ་ སྐྱོང་འབདཝ་ལས་ ནོར་འཚོ་བར་མི་ཡང་འགྱོ་མི་དགོ་ཟེར་ཨིན་མས། དགོན་པའི་མཐའ་འཁོར་ ལུ་ཡོད་པའི་བྱ་མདངས་ཚུ་ཡང་ སྐྱེས་ལྷ་འདི་གི་སྤྱན་གཟིགས་འདབ་ཆགས་སྦེ་བརྩིཝ་ཨིན།
དེ་ལས་ཐག་རིང་བའི་ས་ན་ སྔོན་གྲུབ་ཐོབ་ཆེན་པོ་རྟ་དཀར་གཞོང་ལས་ཡར་བྱོནམ་ད་ དགོན་ གནས་ཀྱི་གནས་བདག་གཞི་བདག་ཚུ་ སྟག་གཟིག་གི་རྣམ་པར་སྤྲུལ་ཏེ་ བླ་མའི་ཞབས་བསུར་ འོང་མི་ཚུ་ དུས་ཕྱིས་ཀྱི་དད་རྟེན་དུ་ རྡོ་བའི་གཟུགས་བརྙན་དུ་བྱིན་གྱིས་བརླབས་ཏེ་བཞག་ཤུལ་ཚུ་ ཡང་མཇལ་ནི་ཡོད།
མདོར་ན་གྲུབ་ཐོབ་ཆེན་པོ་འདི་ སྣང་སྲིད་དྲེགས་པ་ཡོངས་ཀྱི་སྤྱི་རྗེ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་ དངོས་སུ་གྲུབ་ནི་འདི་གིས་ དངོས་ཅན་དངོས་མེད་ལུ་བསྒྱུར་ དངོས་མེད་དངོས་ཅན་ལུ་བསྒྱུར་འཇིག་རྟེན་གྱི་དྲེགས་པ་ག་ར་ དབང་ལུ་བསྡུ་ཚུགས་པའི་ མཐུ་སྟོབས་ཅན་ཅིག་ཨིན་མས།