པད་ཚལ་གླིང་ཐུབ་བསྟན་བཤད་གྲུབ་གླིང་དགོན་སྡེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ།
པད་ཚལ་གླིང་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པ་ནི་དགེ་ལེགས་ཕུག་དྲན་ཤེས་གྲོང་ཁྱེར་ནང་ཆགས་ཡོད་ཅིང་། དགོན་པ་དེ་ནི་སྐྱབས་རྗེ་པད་ཚལ་གླིང་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ཞལ་སློབ་དང་རྗེས་འཇུག་པ་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། དགེ་འདུན་པ་རྣམས་ཀྱི་དགུན་གནས་ཀྱི་བསྟི་གནས་སུ་བཞེངས་གནང་བ་ཞིག་ཡིན། བུམ་ཐང་པད་ཚལ་གླིང་དགོན་པའི་གྲང་ངར་ཆེ་བའི་གནམ་ཤིས་ལས་གཡོལ་ཕྱིར་དགེ་འདུན་པའི་སྡེ་ཡིས་ལོ་རེ་བཞིན་ཟླ་བ་གསུམ་ལྷག་གི་རིང་འདིར་བཞུགས་ཀྱི་ཡོད། དགོན་པ་འདི་བཞེངས་བསྐྲུན་བྱེད་པར་ལོ་ངོ་བཅུ་ལྷག་འགོར་ཡོད་ཅིང་། ད་ལྟའི་ཆར་དགེ་ལེགས་ཕུག་དྲན་ཤེས་གྲོང་ཁྱེར་གྱི་ངོ་མཚར་བའི་ལྷན་སྐྱེས་རྟགས་ཅན་གྱི་བཟོ་བཀོད་གཙོ་བོ་ཞིག་ཏུ་གྱུར་ཡོད། དགོན་པའི་ཉེ་འཁྲིས་སུ་གུ་རུ་རིན་པོ་ཆེའི་གནས་ཁྱད་པར་ཅན་ཞིག་ཀྱང་གསར་དུ་མཇལ་ཞིང་བྱིན་གྱིས་བརླབས་ཡོད།
དགོན་པ་འདི་ནི་རིན་པོ་ཆེ་མཆོག་གིས་ནང་ཆོས་ཀྱི་འཆད་ཉན་དང་སྒོམ་སྒྲུབ་ཀྱི་ལྟེ་བ་ཞིག་བཙུགས་པའི་ཐུགས་རེ་ལྟར་བཞེངས་པ་ཞིག་ཡིན། ཟངས་མདོག་དཔལ་རིའི་བཟོ་བཀོད་ལྟར་གྲུབ་པའི་ཐོག་ཚད་གསུམ་ཅན་གྱི་དགོན་པ་འདིའི་ཐོག་ཁང་དུ་ཆོས་སྐུའི་སངས་རྒྱས། བར་ཁང་དུ་ལོངས་སྐུའི་སངས་རྒྱས། འོག་ཁང་དུ་སྤྲུལ་སྐུའི་སངས་རྒྱས་བཅས་བཞུགས་སུ་གསོལ་ཡོད།
དགོན་པ་འདིར་མར་མེ་བརྒྱ་སྟོང་མང་པོ་འབུལ་ས་ཡོད་པའི་མར་མེ་ཁང་ཡང་ཡོད་པས། རང་གི་གཅེས་པའི་མི་དང་། ཚེ་ལས་འདས་པའི་ཁྱིམ་མི། ཡང་ན་རྒྱ་ཆེ་བའི་རྒྱུ་མཚན་དོན་དུ་སྨོན་ལམ་བཏབ་ཅིང་དགེ་བ་བསྔོ་བར་བྱེད་ནུས་སོ།།