༡༽ པད་ཚལ་གླིང་མཆོག་སྤྲུལ་སྐུ་འཕྲེང་དང་པ་ གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ།

སྤྱི་ལོ་ ༡༧༡༨ རབ་བྱུང་༡༢ པར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྣམ་སྤྲུལ་གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་ནི་འབྲུག་སྐྱབས་ཁྲ་རིམ་སྟངས་ཁར་སྐུ་འཁྲུངས། མཚམས་བྲག་དགོན་པར་ རྗེ་ངག་དབང་འབྲུག་པའི་ཞབས་ལས་མཚན་རྣམ་རྒྱལ་ལྷུན་གྲུབ་ཏུ་གསོལ། སྤ་གྲོ་སྟག་ཚང་དུ་ཕུར་པའི་བཅད་རྒྱར་ཞུགས་ནས་ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུས་ཞལ་གཟིགས་གྲུབ་པ་བརྙེས་ཏེ་དཔལ་ཆེན་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཏུ་གྱུར།སྔོན་སྦྱངས་ལས་ཀྱི་འཕྲོ་སད་དེ་བོད་གངས་ཅན་ལྗོངས་སུ་བརྟོལ་བོད༌དུ༌རོ་ལངས་དམ་ལ་བཏགས་པའི་འབུལ་མཚོན་དུ་བྱིན་ཅན་གྱི་ཐང་ཀ་གསུམ་ཕུལ་ཡོད་པ་ནི་ད་ལྟ་པད་ཚལ་གླིང་དགོན་པའི་ནང་རྟེན་དུ་བཞུགས་བཞིན་ཡོད། དེ་བཞིན་འབྲུག་གཞོང་དཀར་རྫོང་གི་བདུད་སྡེ༌མ་ལུས་པར་བཏུལ་བའི་མཛད་པ་བསྐྱངས་པས་མཚན་སྙན་གྲགས་གང་སར་ཁྱབ་སྟེ་ཡུལ་མི་རྣམས་ཀྱི་སྤྱི་བོའི་རྒྱན་དུ་གྱུར། མཉེས་པ་གསུམ་གྱིས་བླ་མའི་ཅི་གསུང་བཀའ་བཞིན་བསྒྲུབ་པར་མཁས་བླངས་གནང་ཞིང་ ཞོང་དཀར་རྫོང་གི་སྣེ་ཁྲིད་དེ་ ཕུར་པའི་ཨེ་ཁྲམ་ཆ་ཚང་བ་བླ་མའི་ཞལ་བཀོད་བཞིན་བླུགས་བཟོ་སྤྲོས་བཟོ་མཁས་པ་རྣམས་ཀྱིས་ལེགས་པར་བསྒྲུབས་ཏེ་ཕུལ་ཡོད་པ་ནི་ ད་ལྟ་དགོན་པའི་ནང་བརྟེན་རྩ་ཅན་དད་མོས་ཅན་ཞིག་ཏུ་འགྱུར། གྲུབ་ཐོབ་ཆེན་པོ་ལྷ་ས་ཇོ་བོའི་སྐུ་མདུན་དུ་བཟང་སྤྱོད་འབུམ་ཐེར་གསོག་བཞིན་པའི་སྐབས།ཇོ་བོས་གསུངས་བྱོན་ཏེ་གདུལ་བྱ་དང་གདན་ས་ལྷོ་མོན་དུ་ཡིན་པར་ལུང་བསྟན་བསྩལ། གྲུབ་ཐོབ་ཉིད་ལྷ་ས་ནས་འབྲུག་ཡུལ་དུ་འབྱོན་ལམ་ཁར་ ངན་ལམ་རྒྱལ་བ་མཆོག་དབྱངས་དང་ ཤུད་བུ་དཔལ་སེང་ཟུང་གི་རྣམ་འཕྲུལ་གཏེར་ཆེན་ཨྱོན་དྲི་མེད་གླིང་པ་དང་མཇལ་ནས་གུ་རུའི་ལུང་བསྟན་ལྟར་ཆོས་བདག་ཏུ་གཟིགས་ཏེ་ཐུགས་སྒྲུབ་ཡོན་ཏན་ཀུན་བྱུང་། ཚེ་སྒྲུབ་རྡོ་རྗེ་སྲོག་སྒྲུབ། འཁོར་བ་འཇིགས་སྒྲོལ་སོགས་དབང་ལུང་ཁྲིད་གསུམ་མ་ལུས་པར་གསན། དྲི་མེད་གླིང་པས།
དེ་ནས་རང་གི་སློབ་མ་ཁྱད་པར་ཅན། །འབྲུག་པ་དགེ་བཤེས་རྣམ་རྒྱལ་ལྷུན་གྲུབ་དེ། །
རང་ཡུལ་བགྲོད་ཉེར་གུར་དང་བསླབ་བྱ་ཞུས། །བདག་གིས་སྤྲོ་དགའི་ཀློང་ནས་འདི་འབུལ་ལོ། །ཞེས་ཀྱང་གསུངས་སོ།།
གོང་མས་ལུང་བསྟན་ལྟར་འབྲུག་ཡུལ་དུ་གནོད་བྱེད་ཀྱི་དགྲ་བགེགས་རྣམས་མ་ལུས་པར་དམ་ལ་བཏགས་ནས་བསྟན་པ་དང་འགྲོའི་དོན་དུ་འགྲོ་དོན་རྒྱ་ཆེར་མཛད་པའི་མཐར་རེ་ཞིག་གཟུགས་སྐུ་མཚན་དཔེའི་མེ་ཏོག་ཆོས་དབྱིངས་སུ་ཟུམ་པའི་ཚུལ་བསྟན་ཏོ།།
༢༽ པད་ཚལ་གླིང་མཆོག་སྤྲུལ་སྐུ་འཕྲེང་གཉིས་པ་ རྗེ་འཇིགས་མེད་བསྟན་པའི་རྒྱལ་མཚན།

པད་སྤྲུལ་སྐུ་ཕྲེང་གཉིས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་འཇིགས་མེད་བསྟན་པའི་རྒྱལ་མཚན་ནི་སྤྱི་ལོ་ ༡༧༨༨རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་ལོར་ཀྲོང་གསར་མང་སྡེ་སྤྲེལ་ལར་དུ་ནམ་མཁར་ཉི་མ་གཉིས་ཤར་བ་དང་ཆུ་གཙང་འོ་མར་གྱུར་བ་སོགས་ཡ་མཚན་གྱི་རྟགས་དང་བཅས་སྐུ་འཁྲུངས།བྱིས་པ་དགུང་ལོ་ལྔ་སོན་ཚེ་ང་གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་ཡིན། བྱང་ཆུབ་དཔལ་རིའི་དགོན་པར་འགྲོ་དགོས་ཞེས་གསུངས་པ་དང་དགོན་པའི་ལོ་རྒྱུས་ཀྱང་གསལ་པོར་གསུངས་ཏེ་དགོན་པར་ཁྲི་ལ་མངའ་གསོལ་མཛད། དེ་ནས་རིག་འཛིན་འཇིགས་མེད་གླིང་པའི་ཞབས་ནས་དགེ་བསྙེན་སྡོམ་པ་ཞུས་ཤིང་མཚན་སྔགས་འཆང་འཇིགས་མེད་བསྟན་པའི་རྒྱལ་མཚན་ཞེས་གསོལ། རིག་འཛིན་འཇིགས་མེད་གླིང་པའི་བཀའ་བཞིན་བླ་མ་འཇིགས་མེད་ཀུན་གྲོལ་ཞབས་ནས་ཀློང་ཆེན་སྙིང་ཐིག་ཆོས་སྐོར་དང་དྲི་གླིང་གཏེར་ཆོས་མ་ལུས་པར་གསན་ནས་ བོད་ཨྱོན་སྨིན་གྲོལ་གླིང་གི་མཁན་བསྟན་འཛིན་ནས་དགེ་ཚུལ་སྡོམ་པ་དང་ ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ཞབས་ལས་མདོ་སྔགས་རིག་གནས་དང་བཅས་སྦྱངས་པ་མཐར་སོན། རྒྱ་བོད་འབྲུག་གསུམ་དང་ལྷག་པར་སྦས་གནས་འབུམ་ཐང་དུ་འགྲོ་དོན་རྒྱ་ཆེར་མཛད་དེ་མཐར་ སྤྱི་ལོ་༡༨༥༠རབ་བྱུང་བཞི་པ་ལྕགས་ཁྱི་ཟླ་ལྔ་པའི་ཚེས་བཞི་ལ་རེ་ཞིག་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་མོ།།
༣༽ པད་ཚལ་གླིང་མཆོག་སྤྲུལ་སྐུ་འཕྲེང་གསུམ་པ་ འགྲོ་དོན་རྡོ་རྗེ།
པད་སྤྲུལ་སྐུ་འཕྲེང་གསུམ་པ་འགྲོ་དོན་རྡོ་རྗེ་ནི་སྤྱི་ལོ་ ༡༨༥༣ རབ་བྱུང་བཅུ་བཞི་གནམ་ལོ་ཆུ་གླང་ལོར་བུམ་ཐང་བྱ་དཀར་གདུང་ སྣག་ཚང་ནས་རིག་འཛིན་པདྨ་གླིང་པའི་སྨྱོས་ཀྱི་གདུང་དང་ལྷ་ལུང་དཔལ་རྡོར་ཟུང་གི་སྲས་དཔོན་རིགས་སུ་སྐུ་བལྟམས་ཏེ་མཚན་འགྲོ་དོན་རྡོ་རྗེའམ་འཇིགས་མེད་འགྲོ་འདུལ་རྡོ་རྗེ་ཞེས་གསོལ། བླ་མ་ཀུན་བཟང་བདེ་ཆེན་སོགས་ནས་འབྲི་ཀློག་ནས་བཟུང་གཏེར་སྟོན་དྲི་གླིང་ཆོས་རྒྱུན་དཔལ་གསང་ཆེན་རྡོ་རྗེ་སྲོག་སྒྲུབ་ཀྱི་རིང་ལུགས་དབང་ལུང་ཁྲི་གསུམ་མ་ལུས་པར་གསན་ཏེ་གོང་མའི་རྣམ་ཐར་བསྐྱངས་པའི་མཐར་ སྤྱི་ལོ་ ༡༨༨༣ ལ་བུམ་ཐང་སྟངས་སྒམ་གླིང་དུ་ཞི་བའི་དབྱིངས་སུ་གཤེགས་སོ།།
༤༽ པད་ཚལ་གླིང་མཆོག་སྤྲུལ་སྐུ་འཕྲེང་བཞི་པ་ ཀུན་བཟང་ཕྲིན་ལས།
པད་སྤྲུལ་སྐུ་འཕྲེང་བཞི་པ་ཀུན་བཟང་ཕྲིན་ལས་ནི་སྤྱི་ལོ་ ༡༨༩༢ རབ་བྱུང་བཅོ་ལྔ་པ་གནམ་ལོ་ཆུ་འབྲུག་ལོར་སྤ་གྲོ་འབྲུག་རྒྱལ་རྫོང་དུ་སྐུ་འཁྲུངས། རྡོར་གླིང་སྤྲུལ་སྐུ་རིག་འཛིན་ཁམས་གསུམ་ཡོངས་གྲོལ་གྱིས་ཁྲི་མངའ་གསོལ་མཛད་ཅིང་ མཚན་ཀུན་བཟང་ངེས་དོན་བསྟན་འཛིན་ཆོས་རྒྱལ་ཞེས་གསོལ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་དང་རྟོགས་ལྡན་ཤཱཀྱ་ཤྲི། རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་སོགས་སྐྱེ་ཆེན་དུ་མའི་ཞབས་སེན་སྤྱི་བོར་བླངས་ཏེ་བཀའ་རྙིང་གི་ཟབ་ཆོས་མཐའ་དག་གསན། གཅུང་སྤྲུལ་ནས་དགེ་སློང་གི་སྡོམ་པ་ཞུས་ནས་ཀློང་ཆེན་སྙིང་ཐིག་དང་དྲི་གླིང་ཟབ་གཏེར་མན་ངག་རྣམས་གསན་ཏེ་ཉམས་བཞེས་མཛད་པའི་གྲུབ་རྟགས་སྐལ་ལྡན་རྣམས་ཀྱི་བགོ་སྐལ་དུ་ཤར། མདོར་ན་བུམ་ཐང་སྡེ་བཞི་མང་སྡེ་མཚོ་བཞིས་གཙོས་ལྗོངསའདིར་བསྟན་པ་དང་སེམས་ཅན་གྱི་དོན་བསྐྱངས་ཏེ་མཐར་ སྤྱི་ལོ་ ༡༩༥༧ རབ་བྱུང་ ༡༦ མེ་བྱ་ལོར་སྐུ་མཚན་དཔེའི་བཀོད་པ་ཞི་བའི་དབྱིངས་སུ་འདུ་བའི་ཚུལ་བསྟན་ཏོ།།
༥༽ པད་ཚལ་གླིང་མཆོག་སྤྲུལ་སྐུ་འཕྲེང་ལྔ་པ་ པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོ།
པད་ཚལ་གླིང་སྤྲུལ་སྐུ་སྐུ་འཕྲེང་ལྔ་པ་ད་ལྟ་འཚོ་ཞིང་བཞུགས་པ་པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོ་ནི་མཆོག་སྤྱི་ལོ་༡༩༦༠ རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་ཟླ་བཞི་པའི་ཚེས་༡༥ བུམ་ཐང་སྟངས་ནམ་མཁའ་ལྷ་ཁང་དུ་གཏེར་ཆེན་རྡོ་རྗེ་གླིང་པའི་གདུང་རྒྱུད་ཆོས་རྗེ་ཕྲིན་ལས་དང་ཡུམ་འཇིགས་མེད་ལྷ་མོ་ཟུང་གི་སྲས་སུ་སྐུའི་མཚན་བཟང་མེ་ཏོག་གསར་དུ་བཞད། ཉིད་ཀྱི་ཞལ་ནས་ གོང་མའི་སྤྲུལ་སྐུ་ང་ཡིན། གདན་ས་བྱང་ཆུབ་དཔལ་རི་ཡིན། ང་པད་ཚལ་གླིང་དགོན་པར་འགྲོ་དགོས་ཞེས་བྱིས་པ་ནར་སོན་པའི་དུས་ནས་ཐོལ་བྱུང་དུ་གསུངས། ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས་སྤྲུལ་སྐུ་འཁྲུལ་མེད་ཡིན་པ་ངོས་འཛིན་དང་མཚན་ཡང་ཀརྨ་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། པད་གླིང་ཐུགས་སྲས་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་པད་ཚལ་གླིང་གདན་སར་ཁྲི་དར་ཕུལ་ཏེ་མཚན་པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོ་ཞེས་གསོལ།སྤུངས་ཐང་བདེ་ཆེན་ཕོ་བྲང་དུ་ཆོས་སྒོར་ཞུགས་ཏེ་ མཁན་ཆེན་ཁྲི་རབས་དྲུག་ཅུ་རེ་བདུན་པ་ཉི་ཟེར་སྤྲུལ་སྐུས་མཚན་བསྟན་འཛིན་རྒྱ་མཚོར་གསོལ། སྤུངས་ཐིམ་གྲྭ་ཚང་དུ་རྒྱལ་བ་གོང་མའི་ཕྱག་བཞེས་གར་ཐིག་དབྱངས་གསུམ་དང་། རྟ་མགོ་ཆོས་དབྱིངས་བཤད་གྲྭར་མདོ་སྔགས་རིག་གནས་དང་བཅས་ཐོས་བསམ་མཐར་ཕྱིན་པའི་རྗེས་སྤྱིར་སྔོན་གྱི་ལས་སྨོན་གྱིས་རྗེས་སུ་འབྲེལ་བའི་རྒྱལ་ཕྱི་ནང་དང་། ཕྱོགས་མཐའ་མུ་མེད་པར་གང་ལ་གང་འདུལ་གྱི་མཛད་པས་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ས་ལ་འགོད་བཞིན་པ་དང་། ཁྱད་པར་དུ་གོང་མའི་གདན་ས་པད་ཚལ་གླིང་བྱང་ཆུབ་དཔལ་རི་དགོན་པར་ཕྱི་ནང་རྟེན་དང་བརྟེན་པ་གོང་འཕེལ་དང་ཉམས་པ་སོར་ཆུད་མཛད་པའོ།།ལྷག་པར་དགུན་གྱི་བཞུགས་གནས་རྒྱ་འབྲུག་གི་ས་མཚམས་དགེ་ལེགས་ཕུག་ཐུབ་བསྟན་བཤད་སྒྲུབ་གླིང་གི་གཙུག་ལག་ཁང་ཆེན་མོ་གསར་དུ་བཞེངས་གནང་བ་དང་བསྟན་པའི་གཞི་མ་རབ་བྱུང་ངུར་སྨྲིག་དགེ་འདུན་གྱི་སྡེ་དང་སྒོམ་སྡེ་གསར་དུ་བཙུགས་གནང་བ་སོགས་ད་ལྟའི་བར་དུ་བསྟན་འགྲོར་སྨན་པའི་མཛད་ཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པའོ།། དགེའོ།། དགེའོ།།