padtselling_logo
Padtselling_Header_Title
padtselling_logo

རིགས་ཀྱི་བུ་ ཁྱོད་འདོད་པ་དེ་རང་མ་ཆེ་བར་འདི་ནས་ཉི་མ་ལྷོའི་ཕྱོགས་སུ་སོང་ལ་
ལྷོ་མོན་གུ་རུའི་སྐུ་རྗེས་ནས་ཤར་ཕྱོགས་སྐར་མ་སྨིན་དྲུག་འཆར་བའི་ཐད་ཀར་སྒྲུབ་གནས་བཟུང་ན་
འགྲོ་དོན་རྒྱ་ཆེ་བར་ཡོང་བས་དགོན་པའི་མིང་ཡང་བྱང་ཆུབ་དཔལ་རིར་ཐོགས་ཅིག

ད་ལྟ་ཞལ་བཞུགས་ སྐུ་འཕྲེང་ལྔ་པ་པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ སྐུ་ཚེ་སྔ་མའི་ཞལ་བཞེས་དང་འཁྲིལ་ཏེ་ སྤྱི་ལོ་ ༡༩༦༠ རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་ཟླ་བཞི་ པའི་ཚེས་བཅོ་ལྔ་དགེ་བའི་ཉིན་ བུམ་ཐང་སྡེ་བཞིའི་ཡ་གྱལ་ མཚམས་པ་བླ་མ་ནམ་མཁའ་བསམ་གྲུབ་ཀྱི་གདན་ས་ སྟང་ནམ་མཁའི་ལྷ་ཁང་དུ་ཡབ་གཏེར་ཆེན་རྡོ་རྗེ་གླིང་པའི་ གདུང་རྒྱུད་ བིན་ཛའི་བི་ཆོས་རྗེ་ཕྲིས་དང་ ཡུམ་འཇིགས་ མེད་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས།

 

ཞལ་ཕྱེ་ཙམ་ནས་ པད་ཚལ་གླིང་སྤྲུལ་སྐུ་གོང་མའི་མཚན་བཏོན་ཏེ་ ཀུན་བཟང་ཕྲིས་རྣམ་རྒྱལ་ང་ཡིན་ཟེར་གསུང་ནི་དང་ ངེའི་གདན་ས་བྱང་ཆུབ་དཔལ་རི་ ཨིན། ང་པད་ཚལ་གླིང་ལུ་འགྱོ་ནི་ཟེར་བ་ལ་སོགས་པ་ཐོལ་བྱུང་དུ་གསུངས། སྐུ་གོང་མའི་ཕྱག་ མཛོད་གཉེར་པ་སློབ་བསོད་ནམས་དོན་གྲུབ་ཀྱིས་ཐེ་ཚོམ་གཅད་ཕྱིར་ སྐུ་གོང་མའི་བླ་ཆས་ངོ་མ་ དང་ འདྲ་མཚུངས་ཀྱི་བླ་ཆས་སླ་བསྲེས་ཏེ་ གཟིགས་འབུལ་ཞུ་བར་བཅརཝ་ད་ ཐོགས་མེད་དུ་ ངོ་ཤེས་ཏེ་བླ་ཆས་ངོ་མ་ཚུ་ ངེད་ཀྱི་ཨིན་ཟེར་ཕྱག་ལུ་བསྣམས་ཏེ་ ལོག་གནང་མ་བཏུབ་པ་དང༌། རྒྱལ་དབང་ཀརྨ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་ལུ་ སྤྲུལ་སྐུ་ངོ་མ་ཨིན་མིན་གྱི་ཐུགས་བརྟག་ ཞུས་པས་ འཁྲུལ་མེད་ཡིན་པའི་བཀའ་ལུང་ཕབ་ཅིང་ ཀརྨ་ཆོས་ཀྱི་རྒྱལ་མཚན་ཟེར་བའི་མིང་གི་ ཅོད་པན་གནང་བ་ནས་བཟུང་ སྤྲུལ་སྐུ་ངོ་མ་ལུ་རྩོད་མེད་ཀྱི་ཐེ་ཚོམ་ཆོད་པའི་ངེས་ཤེས་འདྲོངས།

 

དགུང་ལོ་ལྔ་ལུ་དགོན་པར་གདན་འདྲེན་ཞུ་སྟེ་ པད་གླིང་ཐུགས་སྲས་སྐུ་འཕྲེང་བཅུ་པ་འགྱུར་མེད་ ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཁྲི་མངའ་གསོལ་བའི་རྟེན་འབྲེལ་བརྩིས་ཤིང་ མཚན་ལུ་ པདྨ་ཀུན་བཟང་བསྟན་འཛིན་རྒྱ་མཚོར་གསོལ། ལོ་དྲུག་ཅུ་རེ་གཅིག་འགྱོ་མི་སྒོམ་ཆེན་ལྕོགས་ལ་ གིས་སླབ་མི་ནང་ དགོན་པར་གདན་འདྲེན་ཞུ་སར་ ལམ་བར་ སྟངས་ཀྱི་ཡུལ་སྒོ་སོ་སོའི་སྦྱིན་ བདག་ཚུ་གིས་མར་ཆང་བསྒྲིགས་ཏེ་ བསུ་བ་ཞུ་སར་བཅར་མི་ཚུ་ ཧེ་མ་མ་ཕྱད་རུང་ མིང་བཏོན་ ཏེ་གསུངས་གནངམ་ལས་ མི་ཚུ་ཡིད་ཆེས་དྲག་སྟེ་ དགའ་ལི་སྡུ་ལི་ཐལ་སོ་ཡི་ཟེར་ཨིན་མས། བ་ཐལ་ལ་ལུ་ཕེབས་ད་ མི་གནག་པོ་གཉིས་ཀྱིས་ཞབས་བསུར་བཅར་སར་ མི་མང་རབས་ཅིག་ གིས་མཐོང་ནུག། གདན་སར་ད་རེས་ཕེབས་ནི་ཨིན་པའི་ཉིནམ་དེའི་ དྲོ་པ་ལས་གདན་སའི་གཙུག་ ལག་ཁང་ནང་ མིག་གིས་མ་མཐོང་བའི་ཕར་ཚུར་འགྲོ་བྱེལ་འཐབ་པའི་རྐང་པའི་དིག་སྒྲ་དང་ སྒོ་ཕྱེ་བསྡམ་འབད་བ་ལ་སོགས་པ་ བཀའ་སྲུང་རྣམས་ཀྱིས་ཡང་གྲ་སྒྲིག་དང་ བསུ་བ་ཞུ་བའི་རྟགས་ མཚན་ཚུ་མངོན་སུམ་དུ་བྱུང་ཡི་ཟེར་ཨིན་མས།

 

དགུང་ལོ་བཅུ་ཐམ་བཞེས་པའི་ སྤྱི་ལོ་ ༡༩༧༠ ལོར་ གཉེར་སློབ་བསོད་ནམས་དོན་གྲུབ་དང་ སྤྲུལ་སྐུ་རང་གི་སྐུ་ཉེར་གྱུར་པའི་འབྲུག་གཞུང་ནང་སྲིད་བློན་པོ་ གཏམ་ཞིང་རྒྱ་གར་གྱིས་རྩ་བའི་ སྦྱིན་བདག་མཛད་དེ་ དཔལ་ལྡན་འབྲུག་པའི་གདན་ས་གཙོ་བོ་ འཕགས་པ་ཐུགས་རྗེ་ཆེན་པོའི་ཞིང་ ཁམས་ རང་བྱུང་ཁ་སརྤ་ནི་ལ་སོགས་པའི་རྟེན་འགངས་ཅན་གྱིས་གཏམས་པའི་གྲུ་འཛིན་གཉིས་པ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་དུ་ སྔགས་འཆང་འུག་པ་གླིང་པའི་ཡང་སྲིད་མཁན་ཆེན་ཁྲི་ རབས་དྲུག་བཅུ་རེ་བདུན་པ་ཉི་ཟེར་མཆོག་སྤྲུལ་རིན་པོ་ཆེ་ ཕྲིས་ལྷུན་གྲུབ་ལུ་ གཙུག་ཕུད་ཕུལ་ཏེ་ མཚན་བསྟན་འཛིན་རྒྱ་མཚོར་གནང་བས་ སྔར་ཐུགས་སྲས་ཪིན་པོ་ཆེ་ནས་ བསྟན་འཛིན་རྒྱ་ མཚོར་མཚན་གསོལ་གནང་བ་དང་ དགོངས་པ་རྩེ་མཐུན་དུ་གྱུར་པ་འདི་ཡང་ བསྟན་པ་འཛིན་པ་ ལ་གཞན་དང་མ་འདྲ་བའི་རྟེན་འབྲེལ་གྱི་གནད་དུ་ངེས་ཤེས་རྙེད། དེ་ནས་ དགེ་འདུན་གྲྭ་ཚང་ཆེན་ པོའི་འདུས་སྡེར་ཞུགས་ཏེ་ ཕྱགས་མའི་གྱལ་ཁ་ལས་རིམ་པར་བཟུང་སྟེ་ དགེ་སློང་དཀྱུས་མ་གཞན་མཚུངས་ཀྱི་ཕྱིའི་སྒྲིག་ལམ་ ནང་གི་དམིགས་རིམ་མན་ངག་ བར་དཀྱིལ་ཆོག་གདངས་ དབྱངས་ཚུན་གྱི་ཀུན་རྫོབ་ཆོ་ག་ཕྱག་ལེན་གྱི་སློབ་སྦྱོང་ཚུ་ལུ་ ཚུལ་མཐུན་གྱི་སྦྱང་བ་གནང་།

 

དགུང་ལོ་ ༡༥ ལས་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྒྲུབ་གནས་ རྟ་མགོ་ཆོས་དབྱིངས་ཕོ་བྲང་གི་ བཤད་གྲྭ་ཆེན་མོར་ དུས་ཕྱིས་མཁན་ཆེན་ཁྲི་རབས་རེ་དགུ་པའི་ཁྲི་ཁར་ཕེབས་མི་ གཏེར་བཏོན་ བསོད་རྒྱལ་གྱི་ཡང་སྲིད་ མཁས་གྲུབ་ཀྱི་དབང་ཕྱུག་ དགེ་བཤེས་དགེ་འདུན་རིན་ཆེན་ ཡོངས་ གྲགས་དགེ་བཤེས་བྱག་ཀུ་ཞབས་སུ་གཏུགས་ཏེ་ གཞུང་ཆེན་བཅུ་གསུམ་དང་བརྡ་ཡིག་སུམ་ རྟགས། འབྲུག་པ་བཀའ་བརྒྱུད་ལུགས་ཀྱི་ དཀྱིལ་ཆོག་གདངས་དབྱངས་མ་ལུས་པ་ ལོ་ངོ་བདུན་ གྱི་རིང་བརྩོན་པས་གསན། དེ་དང་དུས་མཚུངས་རྟ་མགོ་སྒྲུབ་སྡེའི་དབུ་འཛིན་ རྗེ་མཁན་ཁྲི་རབས་དྲུག་ཅུ་རེ་བརྒྱད་པའི་ཁྲི་ཁར་ ཕེབས་མི་ གྲུབ་པའི་དབང་ཕྱུག་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ ཡོངས་གྲགས་ཤར་ཅུང་ཀུན་ ལེགས་ཟེར་ཞུ་མི་དེའི་ཞབས་ལས་ དགེ་བསྙེན་གྱི་སྡོམ་པ་ཞུས་ཤིང་ དུས་ཕྱིས་སུ་དགུང་ལོ་ ༢༥ ལུ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ལས་ པད་དཀར་སྡོམ་རྒྱུན་ལུགས་ཀྱི་བསྙེན་པར་རྫོགས།

 

རྟ་མགོ་བཤད་གྲྭར་བཞུགས་རིང་ དུས་ཡུན་ངེས་མེད་ཀྱི་སྐབས་སོ་སོར་ སྐྱབས་རྗེ་བསྟན་འཛིན་ དོན་གྲུབ་ལས་ བཀའ་བརྒྱུད་མགོན་མངས་ཀྱི་དབང་དང་ ཡི་དམ་འཇིགས་བྱེད་ ཕུར་པ་ དྲག་དམར་གུར་དྲག་གི་སྨིན་གྲོལ་དབང་ཁྲིད་རྣམས་བཀྲིན་དུ་ཐོབ།

 

དགུང་ལོ་ཉེར་དྲུག་པ་ནས་ གཞུང་ཕྱོགས་ལས་དགོངས་པ་རྩ་གྲོལ་ཞུས་ཏེ་ སླར་རང་དགོན་དུ་ འབྱོར་སྐབས་སྐུ་ཚེ་སྔ་མའི་སྐུ་ཉེ་རྒན་ཤོས་ཚུ་སྐུ་ན་བགྲེས། སྒོམ་ཆེན་གྱི་སྡེ་དང་གྲྭ་འཁོར་ཚུ་ རྒྱལ་ཁབ་གོང་འཕེལ་གྱི་ལཱ་ཚུ་ནང་ བཅའ་མར་གཏོགས་དགོཔ་མང་སྟེ་ དགོན་པ་གཙུག་ཁང་གི་ བདག་སྐྱོང་ལུ་བལྟ་ལོང་ཆེར་མེད་པར་ གདན་སའི་བསྟན་པའི་གནས་སྟངས་ཉམས་དམས་སུ་སོང་ བའི་ བསྟན་པའི་མེ་རོ་བསྐྱར་གསོ་འབད་ནི་ལུ་ དཀའ་བ་དང་ལེན་མཛད་དགོཔ་བྱུང་རུང་ ཆོས་ ཀྱི་རྒྱལ་པོ་མི་དབང་འབྲུག་རྒྱལ་བཞི་པའི་བཀྲིན་ལས་ ཉམས་གསོ་སྔར་ལས་མི་དམན་པར་ རིམ་ པར་གྲུབ་ཡོད། པད་ཚལ་གླིང་བྱང་ཆུབ་དཔལ་རི་དགོན་པ་ནི་མཐོ་སྒང་དུ་ཆགས་ཤིང་དགུན་ཁའི་དུས་སུ་གྲང་ངར་ཆེ་བས་ན་ རིན་པོ་ཆེ་མཆོག་གིས་དགེ་ལེགས་ཕུག་དྲན་ཤེས་ཁྲོམ་དུ་དགུན་དུས་ཀྱི་བཞུགས་སྒར་གསར་བསྐྲུན་མཛད་ཡོད།

 

པད་ཚལ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་འབྲུག་ཡུལ་དང་ཕྱི་རྒྱལ་ཁག་ཏུ་ཞབས་སོར་རྒྱ་ཆེར་འཁོད་དེ་ རྗེས་འཇུག་སློབ་མ་རྣམས་དང་མཇལ་འཕྲད་གནང་ཞིང་ དབང་དང་བྱིན་རླབས་གསུང་ཆོས་བསྩལ་ནས་ ཁོང་རྣམས་ཞི་བ་དང་རྣམ་གྲོལ་གྱི་ལམ་ལ་འཁྲིད་པར་མཛད་ཅིང་ བསོད་ནམས་ཀྱི་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བའི་གནས་ལ་སློབ་སྟོན་མཛད་བཞིན་ཡོད།

 

ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །
སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །
ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །
བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །

guru-statue-padtselling-GMC

བཛྲ་གུ་རུ་དུང་སྒྲུབ།
(སྤྱི་ལོ་ ༡༠/༡༡/༢༦ — ༣/༡༢/༢༦)

འབྲུག་གི་དངུལ་ཁང་

ཀུན་བཟང་བསྟན་འཛིན་རྒྱ་མཚོ

༡༠༠༥༠༤༤༦༩